རེ་དོགས་སེམས་ལ་བཅངས་ནས་མདུན་དུ་ཆས།།
དཀའ་སྤྱད་སྡུག་རུས་མ་ཐུབ་སྒྱིད་ལུག་ཅན།།
ཕར་སོང་ལོ་ཟླ་ཅི་ཙམ་འདས་ཀྱང་རུང་།།
ཅང་འཁྱོང་མེད་པར་ཕྱི་ནང་དབུལ་པོ་ལུས།།
ཉི་མ་རྒྱང་ལ་ཡིབ་པའི་སྟངས་ཀ་ན།།
བྱ་བརྒྱ་མོན་ལ་ལོག་པའི་དགུང་ཁ་དེར།།
ཉེ་བའི་རྩི་ཐོག་དྲི་བཞོན་གྱིས་ཁྱེར་དུས།།
སྣང་བའི་བཤུག་གླུ་རྣ་བའི་ས་ན་འཇེབས།།
མི་ཚོགས་ཁྲོམ་ལ་རྒྱུ་བའི་ནམ་ཟླ་ལ།།
ཚོར་བའི་བཟི་ཁས་ཕབ་པའི་བརྩེ་བའི་གཏམ།།
རང་བློར་བབ་པའི་ན་ཆུང་རྐང་གཉིས་པར།།
སྦ་གསང་མེད་པར་ཡ་ཆུང་ཁོག་ནས་རྡོལ།།
ཁུ་བྱུག་ནགས་སུ་བྲོས་པའི་སྟོན་ཀའི་དུས།།
མེ་ཏོག་འགོ་བོ་གུད་པའི་དུས་ཀྱི་ཚེ།།
ལོ་མ་ཧྲུག་ཧྲུག་གང་སར་ཁྱེར་བའི་དབུས།།
ང་ཚོ་མི་དག་རིམ་བཞིན་རྒས་ཏེ་སོང་།།
ཞེན་ཆགས་རི་བོ་ལས་ཀྱང་ལྕི་ན་ཡང་།།
མི་རྟག་འཁོར་བའི་ཐེམ་གྱི་མགྲོན་པོ་སྟེ།།
རྟག་བརྟན་མེད་པར་ཡུད་ནས་འགྲོ་དགོས་ཀྱང་།།
འཚོ་བའི་སྐབས་སུ་དགའ་སྡུག་རང་གིས་སྙེག །
འདི་ན་དུས་བཞིའི་རྣམ་པ་རབ་འགྱུར་ཞིང་།།
མཁའ་ཡི་གློག་ཞགས་འདྲ་འདྲར་སྐད་ཅིག་ཏུ།།
མྱུར་བའི་དུས་ཚོད་མི་སྡོད་འཁོར་བ་བཞིན།།
རྣམ་ཤེས་སྐྱ་བ་ང་ཚོ་རིམ་བཞིན་འགྲོ།།
རི་སྐྱེས་རི་དྭགས་བྲག་གི་དབུས་སུ་སྤྲོ།།
ཉ་མོ་འཁྱུག་རྩལ་ཆེ་བ་ཆུ་གསེབ་མོས།།
མཁའ་ལྡིང་བྱ་ཡི་ཚོགས་དག་ནགས་སུ་རྒྱུ།།
འགྲོ་བའི་མི་རྣམས་སྲིད་པའི་འདམ་ལ་བརྒལ།།
ལ་ལ་རྒྱུ་ཆེན་སྟོབས་ཀྱིས་འཚོ་ན་ཡང་།།
འགའ་རེ་འབྲིང་པོའི་ཚོད་ཀྱིས་སྐྱིད་འདུག་ཀྱང་།།
ཡང་འགའ་ཧ་ཅང་དབུལ་གྱིས་ཉམ་ཆུང་ཡང་།།
ཐམས་ཅད་ཁྱད་མེད་འཁོར་བའི་མགྲོན་པོ་ཉིད།།
འདིར་བྲིས་ཚིག་གི་རི་མོ་ཅི་མཛེས་ཨང་།།
འདིར་བཞད་ཕྱག་གི་པད་དཀར་འཛུམ་གྲོལ་ཞིང་།།
འདིར་གསན་རྣ་བ་གསལ་བའི་རིགས་མཐུན་ལ།།
འདིར་འགུག་སྙན་པོ་གཞས་ཆུང་སྔོག་པ་དགེ།།
༼ ཁམས་ཟླ་སྲས། ༽
