ཀྲེ་ཅང་དང་དཀར་མཛེས་ཁུལ་གཉིས་ཀྱི་ན་གཞོན་གྱི་བརྩེ་བ། རྒྱ་མཚོ་ལས་ཀྱང་ཟབ་ལ་གངས་རི་ལས་ཀྱང་མཐོ་ཞེས་པའི2026ལོའི་ཀྲེ་ཅང་དང་དཀར་མཛེས་ཁུལ་གཉིས་ཀྱི་ན་གཞོན་གཙོ་དོན་སྤེལ་རེས་བྱེད་སྒོ་ཧང་ཀྲོའུ་རུ་སྤེལ་བ་རེད། དཀར་མཛེས་ཁུལ་གྱི་ན་གཞོན་ལོ་ཆུང150སྔ་རྗེས་སུ་ཧང་ཀྲོའུ་དང་སུའུ་ཀྲོའུ་སོགས་ལ་བསྐྱོད་དེ་དུས་ཡུན་ཉིན་དྲུག་གི་ཞིབ་འཇུག་སློབ་སྦྱོང་སྤེལ་རེས་དང་གཙོ་དོན་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་གུང་གཞོན་ཚོགས་པ་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་མཛུབ་སྟོན་བྱས་པ་དང་། གུང་གཞོན་ཚོགས་པ་ཧང་ཀྲོའུ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གུང་གཞོན་ཚོགས་པ་དཀར་མཛེས་ཁུལ་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཀྲེ་དཀར་ཤར་ནུབ་རྒྱུད་གྱི་རོགས་ལས་མུ་མཐུད་ཟབ་ཏུ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔར་ལས་བརྟན་པོ་འཆང་བ་དང་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་གཏིང་ཟབ་དང་ཏན་ཏིག་ཡོང་བར་བསྐུལ་རྒྱུ་དེ་རེད།
བྱེད་སྒོ་སྤེལ་རིང་། ཚང་མས་སྔ་རྗེས་སུ་ལེང་ཀྲུའུ་དངོས་མང་ཁང་དང་། ཀྲུང་གོའི་ཐམ་ག་རིག་གནས་དངོས་མང་ཁང་། སུའུ་ཀྲོའུ་དངོས་མང་ཁང་། སུའུ་ཀྲོའུ་ཕོ་བྲང་གི་སོ་ཕག་དངོས་མང་ཁང་། ཞི་ཧུའུ་མཚེའུ། ཀྲུང་གོའི་ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོའི་དངོས་མང་ཁང་། ཆའོ་ཞིའི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་། ཧོ་ཧྥང་ཁྲོམ་གཞུང་། སུའུ་ཀྲོའུ་གསར་བརྗེའི་དངོས་མང་ཁང་། ཧང་ཀྲོའུ་གྲོང་ཁྱེར་རྒྱལ་སྲུང་སྐུལ་སློང་སློབ་གསོ་ཁང་། ཀྲེ་ཅང་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་བཤམས་སྟོང་ཁང་། ཧང་ཀྲོའུ་འཕྲུལ་མིའི་སློབ་གྲྭ། ཀྲེ་ཅང་རང་བྱུང་དངོས་མང་ཁང་། ཀྲུང་གོའི་ཧང་ཀྲོའུ་ཐཱན་ཉུང་ཚན་རྩལ་ཁང་སོགས་སུ་ལྟ་སྐོར་སློབ་སྦྱོང་བརྒྱུད་དེ་གསར་བརྗེ་ལོ་རྒྱུས་རྗེས་དྲན་དང་། ཀྲུང་ཧྭ་རིག་གནས་སྣ་མང་གཞི་གཅིག་གི་ཁྱད་ཆོས་དམིགས་བསལ་མྱོང་ཤེས་ཐུབ་པ་དང་། མི་རིགས་ཁག་གི་རིག་གནས་མཉམ་གནས་མཉམ་འདྲེས་ཀྱི་ལོ་རྒྱུས་རྩ་བར་གོ་བ་ཟབ་མོ་བླངས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔར་ལས་བརྟན་པོར་བཏང་ཡོད།
ད་ཐེངས་ཀྱི་བྱེད་སྒོར་དཀར་མཛེས་ཁུལ་དང་ཀྲེ་ཅང་གི་སློབ་མ་ཚོས་རྒྱལ་དར་མཉམ་པོ་བསྒྲེངས་པ། སློབ་ཁྲིད་མཉམ་དུ་ཉན་པ། གླུ་གཞས་མཉམ་དུ་ཕབ་པ་བཅས་ཀྱི“དུས་མཉམ་གསུམ”བྱེད་སྟངས་བརྒྱུད་དེ་ཕན་ཚུན་གྱི་འཚོ་བར་རྒྱུས་ལོན་བྱས་པ་དང་སེམས་གཏམ་བཤད་རེས་བྱས་ནས་གྲོགས་པོར་བཟང་པོར་གྱུར་ཡོད།
རྗེས་མར། ཀྲེ་ཅང་དང་དཀར་མཛེས་ཁུལ་ས་གནས་གཉིས་ཀྱི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་བྱེད་སྒོའི་དུས་ཡུན་ཐུང་བའི་བསམ་གཞིག་ལས་བརྒལ་ཏེ་ཕུགས་ཕན་རོགས་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། འཕྲིན་ཡིག་གཏོང་རེས་དང་དྲྭ་ཐོག་མཉམ་འགུལ། ཕྱོགས་གཉིས་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་གཞི་རྟེན་ལ་བརྟེན་ནས་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བ་དང་ཆབས་ཅིག་ཏུ་ས་གནས་གཉིས་ཀྱིས་ཀྲེ་ཅང་གི་ལེགས་ཆར་གཞིར་བཟུང་སྟེ། དཀར་མཛེས་ཁུལ་གྱི་དགོས་མཁོར་དམིགས་པ་དང་། ན་གཞོན་ཚོའི་རེ་འདུན་ལ་བསྟུན་ནས་མཉམ་ལས་མཉམ་སྐྲུན་གྱི་ལས་ཀ་ཤུགས་ཆེར་སྤེལ་རྒྱུ་དང་། ན་གཞོན་ལོ་ཆུང་ཚོའི་སེམས་ཤུགས་སློང་བའི་ཐོག་ཀྲེ་དཀར་ཕན་ཚུན་མཉམ་ལས་མཉམ་རོགས་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བཤད་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མུ་མཐུད་དེ་གསར་གཏོད་ལས་གཏོད་ཀྱི་ན་གཞོན་སྤེལ་རེས་ཚོགས་པ་དང་། དཀའ་ངལ་ཅན་གྱི་བྱིས་པའི་ཞིབ་འཇུག་སློབ་སྦྱོང་ཚོགས་པ་སོགས་པེ་ཅིང་དང་ཧྲང་ཧའེ་ས་ཆ་བཅས་ལ་བསྐྱོད་དེ་མཉམ་ལས་མཉམ་རོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་སེ་འབྲུ་མེ་ཏོག་བསྐལ་པ་སྟོང་ལ་བཞད་ཐུབ་པར་འབད་རྒྱུ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
