国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

སེམས་པ་སྡུག་གིས་ཁེངས་པའི་གྲོགས་མོ།

ང་ཚོ་བྱིས་པ་ཚོ་ལ་མཚོན་ན། ཆེས་རེ་སྒུག་དང་བརྗེད་ཐབས་མེད་པའི་དུས་ཆེན་ཞིག་ཡོད་པ་ནི་རྒྱལ་སྤྱིའི་དྲུག་གཅིག་བྱིས་པའི་དུས་ཆེན་ཡིན། དུས་ཆེན་འདི་ལོ་རེར་ཐེངས་གཅིག་ལས་མེད་པས། ནམ་རྒྱུན་ང་ཚོ་བྱིས་པ་ཚོས་དགའ་བ་འབུམ་གྱིས་བསུས་ཏེ། སློབ་གྲོགས་ཚོ་དང་མཉམ་དུ་དགའ་དགའ་སྤྲོ་སྤྲོས་རོལ་བ་ཡིན།

ང་ཚོས་ད་ཐེངས་ཀྱི་བྱིས་པའི་དུས་ཆེན་ཀྱང་སྔར་བཞིན་སྤྲོ་ཞིང་སྐྱིད་པའི་སྒོ་ནས་རོལ་བ་ཡིན་མོད། ཡིན་ནའང་། དུས་རྒྱུན་གདོང་ན་འཛུམ་གྱིས་ཁེངས་ཤིང་། སློབ་གྲོགས་ཚོ་དང་རྩེ་མཚར་རྩེད་རྒྱུར་དགའ་བའི་གྲོགས་མོ་སྒྲོལ་མ་སེམས་སྡུག་གིས་མནར་འདུག། འོན་ཀྱང་། ང་ཚོ་སུ་ཞིག་གིས་ཀྱང་མ་ཚོར། དགོང་མོར། ང་ཚོ་རང་རང་གི་མལ་ཁང་དུ་སོང་ནས་ཉིན་མོའི་རྩེ་དགའ་དང་དགོད་བྲོ་བའི་དོན་དག་མཉམ་སྤྱོད་དང་གླེང་བརྗོད་བྱེད་སྐབས། མོ་རང་གཅིག་པུ་མལ་ཁང་གི་གྲུ་ཟུར་ཞིག་ཏུ་ཀུམ་ནས་ངུ་ཤུམ་བྱེད་ཀྱིན་འདུག། སློབ་གྲོགས་ཚོས་ཚུལ་དེ་མཐོང་འཕྲལ་དུ་མྱུར་མོར་མོར་བསྐོར་ཏེ། གནས་ཚུལ་ཅི་བྱུང་ཚ་འདྲི་བྱས་མོད། མོས“ཅང་མ་རེད”ཅེས་གཡོལ་ཐབས་བྱེད་ཀྱིན་མིག་ཆུ་ཕྱེས་སོང་། ཕྱིར་ཉིན་ཉིན་གུང་ལ། དྲུག་གཅིག་གི་རྩེད་མོ་རོལ་སའི་ལུས་རྩལ་ཐང་དུ་མོ་རང་མཐོང་རྒྱུ་མི་འདུག་པས། ང་རང་མོ་བཙལ་དུ་སོང་བ་ཡིན་ལ། སློབ་གྲྭའི་ཕྱོགས་ཀུན་ཏུ་བཙལ་བཙལ་ཀྱང་མ་རྙེད་པས་སྟོང་བར་ལུས་པའི་སློབ་ཁང་དུ་སོང་བ་ན། མོས་ལག་ཏུ་པར་རྙིང་ཞིག་འཐམ་ནས་འདུག། ངས་མོ་ལ “ཅི་བྱུང་སོང”ཞེས་དྲིས་མ་ཐག། མོ་རང་ང་ལ་དམ་པོར་འཐམ་ནས་ངུ་ཞོར་དུ་ཨ་མ་དྲན་རབས་གླེང་བྱུང་། ངས་མོ་ལ་སེམས་གསོ་བྱེད་ཆེད“སང་ཉིན་གུང་གསེང་རེད། ང་ཚོ་ཁྱིམ་དུ་འགྲོ་ཆོག”ཅེས་བཤད་པ་ཡིན་མོད། འོན་ཀྱང་མོ་རང་ཡུན་རིང་ཞིག་ལ་ངུས་ངུས་ནས“ཨ་མ་ཁྱིམ་དུ་མི་འདུག། དགོན་པར་སོང་ནས་ཟླ་གསུམ་རེད་སོང་། ད་དུང་ཕྱིར་ཁྱིམ་ལ་ཡོང་མི་འདུག”ཅེས་ཨ་ཕས་མོ་ལ་བཤད་པ་དག་རེ་རེ་ང་ལ་བཤད་བྱུང་། གཟའ་མཇུག་གི་གུང་གསེང་རྫོགས་ནས་ཕྱིར་སློབ་གྲྭར་ཐོན་དུས། ཁོ་མོ་སྔར་བཞིན་གདོང་ལ་འཛུམ་གྱིས་དབེན་ཞིང་སེམས་པ་སྡུག་གིས་མནར་འདུག མ་གཞིར་མོའི་ཨ་མ་སྔ་མོ་ནས་འཇིག་རྟེན་འདི་དང་ཁ་བྲལ་འདུག། སྔོན་མ་ཨ་མ་ཟླ་བ་གསུམ་རིང་དགོན་པར་སོང་ནས་ཕྱིར་མ་ཡོང་ཟེར་དུས། མོས་མཇུག་འབྲས་དེ་འདྲ་ངན་པར་གཏན་ནས་འདང་རྒྱག་མ་མྱོང་བ་རེད། ངས་གནས་ཚུལ་དེ་ཤེས་མ་ཐག་མོ་ལ་སྙིང་རྗེ་ཚད་མེད་སྐྱེས་ཤིང་ཡིད་སེམས་རབ་ཏུ་སྐྱོ། མོ་དུས་རྒྱུན་རྣམ་ཤེས་བོར་སོང་བའི་བེམ་པོ་ལྟར་སློབ་སྦྱོང་དང་འཚོ་བའི་ཐད་ལ་ཆ་འཇོག་ཅི་ཡང་མེད་ཅིང་། དགོང་མོ་རེ་རེ་སེམས་སྡུག་དང་མིག་ཆུས་ཕར་ལ་སྐྱེལ་གྱིན་འདུག།

དེ་ལྟར་ཡུན་རིང་འགོར་བའི་ཉིན་ཞིག་ལ། མོའི་གདོང་ལ་སླར་ཡང་འཛུམ་ཁ་ཙམ་བཞད་བྱུང་། དེ་ནི་སློབ་གྲྭ་གྲོལ་བའི་ལམ་བར་གྱི་མ་བུ་གཉིས་ཀྱི་ཁ་བརྡ་ཐོས་པས་ཡིན་ལ། སྔོན་ཆད་རང་གི་ཨ་མ་ཡོད་པའི་རྣམ་པ་དག་སེམས་ལ་ཤར་བས་རེད། དོན་དུ་འཛུམ་མདངས་དེ་ངུ་མ་དགོད་ཅིག། འཛུམ་མདངས་དེ་སྐྱོ་གདུང་གིས་ཁེངས་པ་ཞིག།

( ཚེ་དབང་མཚོ། དྲུག་གསུམ་འཛིན་གྲྭ། )