སྟོད་ན་རི་བོ་མཐོན་པོ་བརྗིད་ཉམས་ལྡན། བར་ན་སྤང་ལྗོངས་སྔོན་མོ་འབྱམས་ཀླས་པ། སྨད་ན་ཆུ་ཕྲན་གཙང་མོ་ལྷུང་ལྷུང་འབབ།
དཔྱིད་ཀར། ཁུ་བྱུག་གི་གསུང་སྐད་སྙན་མོ་རི་ལུང་ཕུགས་ནས་གྲག་ཅིང་། ས་གཞིའི་བདག་མོས་གོས་ལྗང་མནབས་ཏེ་བདག་གི་ཕ་ཡུལ་ལ་སླེབས་བྱུང་། སྐྱེ་འགྲོ་ཐམས་ཅད་གཏི་མུག་གི་ཞིང་ནས་གཉིད་ལས་སད། རི་རྩེའི་ཁ་བ་མཐུག་པོ་དང་ཆུ་ཁའི་ཆབ་རོམ་ཞུས་ནས་ཕྱོགས་ཕྱོགས་སུ་བཞུར།
དབྱར་ཁར། ཡངས་ཤིང་རྒྱ་ཆེ་བའི་སྤང་ཐང་དུ་ནམ་མཁའི་སྐར་ཚོགས་ས་ལ་ལྷུང་བ་ལྟ་བུའི་རྟ་ནོར་ལུག་གསུམ་གྱིས་ཁེངས་ཤིང་། རྩྭ་ཐང་དུ་ཁ་དོག་འདྲ་མིན་གྱི་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེར་བཞད། རྐང་དྲུག་གི་མགྲིན་སྒྲ་དང་། བྱ་བྱེའུ་འདབ་ཆགས་ཚོགས་ཀྱི་སྙན་པའི་གསུང་སྐད་ཀྱིས། ང་རང་བདེ་ཞིང་སྐྱིད་པའི་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་ལྟ་བུའི་སྣང་བ་སྟེར།
སྟོན་ཁར། རྟ་ནོར་ལུག་གསུམ་ལ་ཤ་ཤེད་རྒྱས་ནས་འབའ་སྐད་དང་ངུར་སྒྲ། འཚེར་སྐད་སོགས་གང་སར་ཁྱབ་པ་ནི་སྙན་འཇེབས་ཀྱི་རོལ་དབྱངས་ཤིག་དལ་གྱིས་དཀྲོལ་བ་དང་གཉིས་སུ་མ་མཆིས་ཤིང་། ལྟ་ན་སྡུག་པའི་ནོར་འཛིན་བུ་མོས་ཆོས་གོས་སེར་པོ་གྱོན་པ་ནི་གསེར་གྱི་ལྷ་མོ་ལྷ་ཡུལ་ནས་མི་ཡུལ་དུ་བབས་པ་དང་འདྲ། དུས་བྱ་རྣམས་དུས་ཐོག་ཏུ་གྲལ་སྟར་བསྒྲིགས་ནས་ལྷོ་ཕྱོགས་ཚ་བའི་ཁུལ་དུ་འཕུར།
དགུན་ཁར། གྲང་ངར་ཆེ་བའི་དུས་ཚིགས་སླེབས་བྱུང་། རི་བོ་དང་རྩྭ་ཐང་། ཆུ་ཀླུང་། ནགས་ཚལ། འཇིག་རྟེན་གྱི་ཕྱི་རུ་བུད་པ་ཐམས་ཅད་ཁ་བ་དཀར་པོས་སེར་སྣ་མེད་པར་ཡོངས་སུ་བཀླུབས། མི་ཡུལ་འདི་དངུལ་དཀར་གྱི་འཇིག་རྟེན་ཞིག་ཏུ་བསྒྱུར། ང་ཚོས་གངས་རྩེད་རྩེ་བ་དང་། གངས་མི་བཟོས་ཏེ་སྤྲོ་བའི་དཔལ་ལ་རོལ། འདི་ནི་ཚོན་མདོག་གིས་ཕྱུག་པའི་ཕ་ཡུལ་གྱི་དུས་ཚིགས་བཞི་ཡི་རྣམ་པ་ཡིན།
ང་རང་མཛེས་སྡུག་དང་དྲོད་ཁོལ་འཛོམས་པའི་ཕ་ཡུལ་ལ་དགའ། ང་རང་ཁ་དོག་སྣ་མིན་གྱིས་བརྒྱན་པའི་ཕ་ཡུལ་གྱི་དུས་ཚིགས་བཞི་ལ་དགའ་འོ།།
( བློ་བཟང་ཚུལ་ཁྲིམས། དྲུག་གསུམ་འཛིན་གྲྭ།)
