国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཕོ་བྲང་པོ་ཏ་ལ་དང་མཇལ་བ།

ད་ལོའི་དགུན་གནང་གི་སྐབས་སུ། ང་དང་ཁྱིམ་ཚང་གང་བོས་ཟླ་ཚེས་ཡག་པོ་ཞིག་ལ་ཕོ་བྲང་པོ་ཏ་ལར་མཇལ་སྐོར་དུ་འགྲོ་བའི་སེམས་ཐག་བཅད་པ་ཡིན་ལ། རེ་སྒུག་དང་སྤྲོ་སྣང་གིས་ཉིན་མང་པོར་གྲ་སྒྲིག་བྱས་ནས་ཕོ་བྲང་པོ་ཏ་ལའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ཡིན། ཉིན་ཞག་དུ་མར་རླངས་འཁོར་དུ་བསྡད་དེ་སེམས་ཁོང་གི་པོ་ཏ་ལར་ནམ་ཞིག་ལ་དངོས་སུ་མཇལ་ཐུབ་པར་རེ་ལྟོས་འཆང་བཞིན། ལམ་གྱི་ངལ་དུབ་དང་དཀའ་ཚེགས་མཐའ་དག་རྒྱབ་ཏུ་གཡུགས།

ལས་དང་བསོད་ནམས་བཟང་པོས་ཉིན་བཟང་སྐར་བཟང་གི་ཉིན་དེ་ལ་ང་ཚོས་དངོས་སུ་སེམས་ཀྱི་ཉི་མ་མཇལ་ཐུབ་སོང་། ས་ཐག་རིང་པོ་ནས་པོ་ཏ་ལའི་ཕྱོགས་སུ་མིག་རྒྱང་འཕངས་པ་ན། ཕོ་བྲང་ནི་དམར་པོའི་རི་ལ་དཔའ་སྟོབས་རྫོགས་པའི་དམག་དཔོན་བཞིན་དུ་ཀྲོང་ངེར་འགྲེང་ཞིང་། རྒྱབ་ཕྱོགས་ཀྱི་གཡོ་མེད་བརྟན་པོར་གནས་པའི་རི་རྒྱལ་ལྷུན་པོའི་མུ་ཁྱུད་ནི་དམག་གི་དཔུང་སྡེ་དང་གཉིས་སུ་མ་མཆིས་ཤིང་། མདུན་གྱི་ཤོད་དུ་བཀྲམ་པའི་བཟོ་བཀོད་དག་ནི་བྱམས་པའི་ཁྲིམས་སྐྱོང་ལ་ཡིད་ཚིམས་པའི་འབངས་མི་སེར་དང་ཀུན་ནས་མཚུངས། སྣང་ཚུལ་འདིས་སེམས་ལ་དགའ་སྐྱོ་མཉམ་འདྲེས་ཀྱི་ཚོར་བ་དྲག་པོ་ཞིག་རང་དབང་མེད་པར་སྐྱེས་སུ་བཅུག།

སྔོན་གྱི་ལོ་རྒྱུས་ལྟར་ན། སྲོང་བཙན་སྒམ་པོས་ལྗོངས་འདིར་ཡུལ་གྱི་བཀོད་པ་དང་ས་དཔྱད་ལེགས་པས། སེང་གེ་གནམ་ལ་འཕྱོ་འདྲའི་དམར་པོ་རི་བདམས་པ་ཡིན་ལ། རི་རྩེ་ནས་མར་བལྟས་ན། མཐའ་འཁོར་གྱི་ཁོར་ཡུག་ཀུན་ལག་མཐིལ་ཏུ་བླངས་པ་ལྟར་མཐོང་ཐུབ་པས་གཞན་སྡེ་རྣམ་པར་གནོན་པའི་དགེ་མཚན་ལྡན་ཞེས་གསུངས་པ་དེ་བཞིན་རེད། དེ་ལྟར་ཕོ་བྲང་ཐོག་མར་སྲོང་བཙན་སྒམ་པོས་བཞེངས་ཤིང་། ཕྱིས་སུ་མི་རབས་ནས་མི་རབས་སུ་རྒྱ་བསྐྱེད་དེ་ད་ལྟའི་གཞི་ཁྱོན་འདི་གྲུབ་པ་ཡིན་ལ། བཀོད་པ་ངོ་མཚར་ཆེ་བས་ཡིད་དུ་འོང་བ། དཔངས་ཤིན་ཏུ་མཐོ་བས་བརྗིད་ཉམས་ལྡན།

བོད་མི་རེ་རེར་མཚོན་ན། ཚེ་གཅིག་ལ་ཆེས་སྨོན་པའི་དོན་གཅིག་ཡོད་པ་ནི། མ་མཐའ་ཡང་མིག་མ་བཙུམ་བར་སྟོད་ཉི་མ་ལྷ་སར་ཐེངས་གཅིག་ཐོན་རྒྱུ་དེ་ཡིན་ལ། དེ་ལས་ཀྱང་ཕོ་བྲང་པོ་ཏ་ལ་ཐེངས་གཅིག་མཇལ་ཐུབ་རྒྱུ་ན་ལུས་ཐོག་འདིར་འགྱོད་པ་སྤུ་ཙམ་ཡང་མེད་སོང་བ་ཡིན་པར་འདོད་པས། ད་ཐེངས་བདག་གི་ཁྱིམ་མི་ཚང་མའི་བསམ་དོན་ཇི་བཞིན་དུ་གྲུབ་པས། དགའ་བའི་མིག་ཆུ་གཏོར་མཁན་དང་སྐྱིད་པའི་སྤྲོ་གླུ་ལེན་མཁན་ཤ་སྟག་རེད། བདག་གིས་ཀྱང་ངོ་མཚར་བའི་བཟོ་བཀོད་སྒྱུ་རྩལ་དང་བོད་རིགས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་འདི་ཡི་མདུན་ནས། རང་གི་སྐད་དང་ཡི་གེ་ལ་འབད་པ་བྱས་ཏེ། ཡབ་མེས་ཀྱིས་བསྐྲུན་པའི་རི་བོའི་གཏོས་དང་མཉམ་པའི་རང་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ཀུན་ལ་སྦྱོང་བ་བྱེད་དགོས་པའི་སེམས་ཤུགས་དྲག་པོ་འགག་མེད་དུ་སྐྱེས་སོ།།

( བློ་བཟང་དཀོན་མཆོག། དྲུག་གཉིས་འཛིན་གྲྭ།)