国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཨ་མའི་བྱམས་བརྩེ།

ཨ་མ་ནི་འཛམ་གླིང་གི་ཆེས་རླབས་ཆེ་བའི་མི་དེ་ཡིན་ལ། ངའི་ཡ་ཁོག་གི་ནོར་བུ་དེ་ཡིན་ཞེས་བརྗོད་ཆོག། ཨ་མའི་བཀའ་དྲིན་ནི་རི་རབ་ལས་དཔངས་མཐོ་ལ་རྒྱ་མཚོ་ལས་གཏིང་ཟབ། ཨ་མ་ཡོད་པས་ད་གཟོད་ང་ཚོ་མཛེས་སྡུག་གི་འཇིག་རྟེན་འདིར་གསོན་ཞིང་འཚོ་བའི་སྐལ་བ་ལྡན།

ངའི་ཨ་མ་ནི་ཕྱི་ནས་བལྟས་ན་དེ་འདྲའི་མཛེས་མ་ཁྱད་མཚར་ཞིག་མིན་ཡང་། བུ་མོ་ང་ཡི་སེམས་སུ་མོའི་ཁྲ་ཆུང་མིག་གཉིས་ནི་ཐོ་རེངས་སྐར་ཆེན་བཞིན་དུ་འོད་མདངས་ལྡན་ལ་བྱམས་བརྩེས་ཁེངས། མོའི་ནག་ཅིང་སྣུམ་པའི་སྐྲ་ལོ་རྒྱབ་དུ་ནར་ཅིང་། འཛུམ་མདངས་ཀྱིས་ཕྱུག་པའི་ངོ་གདོང་ལ་དུས་རྟག་ཏུ་ངལ་བ་མེད་པར་རྣམ་རིག་གིས་ཁེངས་ཡོད།

ནང་སེམས་དར་གོས་ལས་དཀར་བའི་ཨ་མ་ལྷག་བསམ་ཅན་མས་ང་ལ་བརྗེད་དཀའ་བའི་གཏམ་རྒྱུད་ཅིག་བཤད་བྱུང་། དེ་ནི། ཉིན་ཞིག་ལ། མ་བུ་དབུལ་བོ་ཞིག་ཟས་འཚོལ་དུ་སོང་བ་ན། ས་སྟོང་ལུང་སྟོང་དུ་སྤྱང་ཀི་ཁྱུ་གཅིག་དང་འཕྲད་ཅིང་། སྤྱང་ཀི་ཚང་མ་ཟ་ཧམ་ཆེན་པོས་མ་བུའི་སྟེང་དུ་མཆོང་། སྐབས་དེར་སྐྱ་མི་ལམ་འགྲོ་བ་ཞིག་ས་དེར་བརྒྱུད་དུས་གནས་ཚུལ་ཡ་ང་བ་དེ་མཐོང་ནས་སྐད་ཅོར་བརྒྱབ་ཀྱང་། སྤྱང་ཚོགས་ཕྱིར་བཀྱེད་གཏན་ནས་མ་བྱས་པས། ཨ་མ་དེ་ཁོ་ཐག་ཆོད་ནས་རང་གི་བུ་ཕྲུག་སྐྱ་མི་ལ་བཅོལ་ཏེ་ཁྱེར་དུ་བཅུག། ཡ་མཚན་པ་ཞིག་ནི། ཨ་མ་ལ་རྨས་སྐྱོན་ཆེན་པོ་ཕོག་རུང་བུ་ཕྲུག་ལ་རྨས་སྐྱོན་སྤུ་ཙམ་ཡང་བྱུང་མི་འདུག། སྐྱ་མིས་མོ་ལ་སྙིང་རྗེ་ནས་བུ་ཕྲུག་གསོ་སྐྱོང་བྱེད་པའི་ཁས་ལེན་དམ་བཅས་ཏེ་བརྒྱུགས་སོང་། མོ་རང་གཅིག་པུས་སྤྱང་ཚོགས་ལ་གདོང་གཏད་ཀྱང་མཐར་རང་སྲོག་ཤོར་ནས་འཇིག་རྟེན་འདི་དང་ཁ་བྲལ་སོང་།

གཏམ་རྒྱུད་དེ་ཐོས་མ་ཐག“ཨ་མའི་བྱམས་བརྩེ་ནི་བལ་དཀར་ལས་འཇམ་ལ། མར་ལོ་ལས་སྣུམ”ཞེས་པའི་དོན་དེ་གསལ་པོར་རྟོགས་ལ། ཨ་མ་ནི་མི་སུ་དང་གང་གིས་ཀྱང་དོ་ཟླ་བྲལ་བའི་བྱམས་སེམས་ཅན་དེ་ཡིན་པ་ཤེས།

ཉིན་དེ་ནས་བཟུང་། ངས་ཨ་མའི་བསླབ་བྱ་དག་བདུད་རྩི་བཞིན་དུ་སེམས་སུ་བཅུག་ནས། ནངས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་དཀའ་སྤྱད་སྡུག་རུས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱེད་པ་དང་། དགེ་རྒན་གྱི་བཀའ་སློབ་ངག་བཞིན་ཉན་ཞིང་བརྩོན་སེམས་ཀྱིས་ཕྱུག་པའི་སློབ་བུ་བཟང་པོ་ཞིག་ཏུ་འགྱུར་བར་འབད་པ་བྱས་དང་བྱེད་མུས་སུ་ཡོད་དོ།།

( བཀྲ་ཤིས་དཔལ་མོ། དྲུག་གསུམ་འཛིན་གྲྭ།)